company logo

Cluster Map

Locations of visitors to this page
མདུན་ཤོག ཁྲིམས་སྒྲིག་ཁག དངུལ་རྩིས་དང་འབྲེལ་བའི་སྒྲིག་གཞི། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི།
བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི། Print

 

༄༅། །བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི།

དོན་ཚན་དང་པོ། ས་གནས་ཚོགས་ཆུང་གི་མིང༌།

བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང༌།

དོན་ཚན་གཉིས་པ། ལས་དོན་དང༌།  འགན་དབང༌།

༡      བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་ནས་བཞག་པའི་གྲོས་ཆོད་གཞིར་བཟུང་གི་ལས་དོན་ཁག་སྐབས་བབས་དུས་བསྟུན་ཐོག་ལག་ལེན་བསྟར་ཕྱོགས་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་སུ་ཡིན་ལ་གནང་རྒྱུ།

༢      གཙོ་བོ་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་གཞི་དང༌། བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་དང་བསྟུན་ཏེ་ལག་ལེན་བསྟར་རྒྱུ། ས་གནས་གནས་ཚུལ་བབས་བསྟུན་གྱིས་ལས་དོན་རྩོམ་དགོས་རིགས་བྱེད་སྒོའི་འཆར་གཞི་དང་སྦྲགས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དམ། ས་གནས་འཐུས་ཚོགས་དང༌། འགོ་འཛིན། ལས་བྱེད་བཅས་འབྲེལ་ཡོད་སུ་ཡིན་ལ་འབྲེལ་བསྡུར་གསལ་པོར་ཞུས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ལ་དགོངས་བསྐོར་ཞུ་དགོས།

༣     སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ནས་གཏན་འབེབས་ཐག་གཅོད་བྱས་པའི་ལས་དོན་བསྒྲུབ་བྱ་གང་ཞིག་དམིགས་བསལ་ས་གནས་ཀྱི་གནས་ཚུལ་ལ་གཞིགས་པས་འཕྲལ་དུ་ལག་ལེན་བསྟར་མ་ཐུབ་པའི་རིགས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དམ། ས་གནས་འཐུས་ཚོགས་དང༌། འགོ་འཛིན། འབྲེལ་ཡོད་ལས་བྱེད་སོ་སོར་གོ་བསྡུར་གྱིས་རྒྱུ་མཚན་གསལ་འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་སུ་གནས་སྙན་འཕྲལ་དུ་འབུལ་དགོས།

༤     བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང༌། བསྡུ་དངུལ་འབུལ་འབབ་ཀྱི་ཁྲིམས་ཡིག་གཞིར་བཟུང་གཞུང་དངུལ་བསྡུ་འབུལ་ཕྱག་ལེན་ངེས་བསྟར་དགོས་རྒྱུ།

དོན་ཚན་གསུམ་པ། ཚོགས་མིའི་གྲངས་ཚད།

ཚོགས་ཆུང་ནང་ས་གནས་མི་མང་ནས་འོས་འདེམས་བྱས་པའི་ཚོགས་མི་གསུམ་ལས་མ་ཉུང་བ་དང༌། བཅུ་གཅིག་ལས་མ་བརྒལ་བ་དགོས།   རྒྱུན་ལས་ཚོགས་མིའི་ཕོགས་ཐོབ་ཐད་ལས་དོན་གཞི་རྒྱ་ཆེ་ཆུང་ངེས་མེད་ཡོང་རྒྱུར་ཉིན་གླ་ཆབས་རྩིས་ཀྱིས་ས་གནས་ཡོངས་རྫོགས་ལ་སྤྱི་མཚུངས་འབུལ་རྒྱུ།

དོན་ཚན་བཞི་པ། ཚོགས་མིའི་འོས་འདེམས།

༡      བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་ས་གནས་འོས་བསྡུ་ལས་ཁང་གིས་གནང་དགོས།

༢      འཐུས་མི་གང་ཞིག་ལོ་དུས་མ་རྫོགས་པའི་གོང་འདས་གྲོངས་སུ་གྱུར་པའམ་ས་མིག་སྟོང་པ་ཐོན་རིགས་བྱུང་ཚེ། ཚབ་གསར་དུས་ཡུན་ཟླ་བ་གཅིག་ལས་མ་བརྒལ་བའི་ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༨༤ ནང་གསེས་ ༨ པ་ནང་གསལ་ལྟར་ལག་བསྟར་དགོས་རྒྱུ་དང༌། གོང་གསལ་ལྟར་བྱུང་རིགས་ནས་འཐུས་མི་སྔ་མའི་དུས་ཡུན་གྱི་ལྷག་མ་ཇི་ཡོད་དེའི་བར་ལས་འཁུར་དགོས་རྒྱུ།

༣     ས་གནས་འགོ་འཛིན་ཁྱབ་ཁོངས་སུ་སྡོད་གནས་ཁ་འཐོར་དུ་གནས་པའི་རིགས་ལ་ས་གནས་སོ་སོའི་མི་འཐུས་རེ་ཚོགས་ཆུང་གི་འཐུས་མིར་འཚུད་ཐབས་སུ་ཐོག་མ་ནས་ས་གནས་ཁ་འཐོར་དེ་དག་རེ་རེ་ནས་འོས་མི་གྲངས་འབོར་ཇི་དགོས་འོས་འདེམས་དགོས་རྒྱུ།

༤     འོས་འདེམས་བྱ་ཚེས་སྤྱི་འཐུས་རྒྱུན་ལས་སུ་སྙན་སེང་གིས་དབུས་འོས་བསྡུ་ལས་ཁང་ནས་སྐབས་བསྟུན་ཐག་གཅོད་དགོས་རྒྱུ།

དོན་ཚན་ལྔ་པ། ཚོགས་མིའི་འོས་ཆོས།

༡      ཀ      བོད་ཀྱི་ཡུལ་མི་ཡིན་པ།

ཁ      རང་ལོ་ ༢༥ ཧྲིལ་པོ་ལོན་པ།

ག      ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

ང      བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

ཅ      ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།

ཆ      བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།

ཇ      བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།

ཉ      སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་བཅས།

༢      ཀ      ས་གནས་དེར་གཏན་སྡོད་བྱེད་མཁན།

ཁ      ས་གནས་གཞན་ནས་གནས་སྤོས་བྱས་པ་གང་ཞིག་གཞིས་ཁོངས་སྔ་མའི་ཐོབ་སྐལ་བློས་བཏང་ཟིན་པ།

ག      ས་གནས་སུ་ལོ་ཧྲིལ་པོ་ལྔ་ཡན་བསྡད་ཟིན་པ།

ང      གཉེན་སྒྲིག་བག་ལེན་གྱི་ལམ་ནས་ལུགས་མཐུན་གནས་སྤོས་བྱས་པ།

དོན་ཚན་དྲུག་པ། ཚོགས་མིའི་ལས་ཡུན།

༡      ཚོགས་མིའི་ལས་ཡུན་ལོ་གསུམ་རེ་ཡིན།

༢      ཚོགས་མི་སུའང་བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད།

དོན་ཚན་བདུན་པ། ཚོགས་མི་འཕོ་འགྱུར།

༡      གཟུགས་གཞིའི་བབས་ཀྱིས་འཐུས་མིའི་ལས་འཁུར་ནས་རྩ་དགོངས་ཞུ་དགོས་བྱུང་རིགས་ལ་སྨན་པའི་ལག་འཁྱེར་ཐོག་ས་གནས་འཐུས་ཚོགས་སམ།  འགོ་འཛིན་གྱི་ངོས་སྦྱོར་འབྱོར་མཚམས་དགོངས་འཁྲོལ་གནང་རྒྱུ།

༢      འཐུས་མི་ཞིག་ལ་ས་གནས་མི་མང་ནས་མོས་མཐུན་མེད་པའི་སྐྱོན་བརྗོད་རིགས་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་ཞིབ་འཇུག་གིས་ས་གནས་དེའི་མི་མང་གསུམ་ཆ་གཉིས་ནས་མོས་མཐུན་མེད་པ་ར་འཕྲོད་བྱུང་ཚེ་ཚོགས་མིའི་ཁོངས་ནས་རང་བཞིན་གྱིས་བུད་པ་ཡིན།

༣     བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་བསྐོ་གཞག་བྱུང་བའི་རིགས་ཚོགས་འཐུས་ནས་རྩ་དགོངས་ཞུ་དགོས།

༤     ཚོགས་ཆུང་གི་ཚོགས་འདུར་དགོངས་ཞུ་མེད་པར་བསྟུད་མར་ཐེངས་གསུམ་ལས་མང་བ་བསྡད་ཚེ་རང་བཞིན་གྱིས་བུད་པར་ངོས་འཛིན་བྱ་རྒྱུ།

དོན་ཚན་བརྒྱད་པ། ཚོགས་མིའི་ལས་འགན་ཆ་བགོས།

འོས་འདེམས་ཟིན་པའི་འཐུས་མིའི་ཁོངས་ནས་ཚོགས་གཙོ་གཅིག་དང༌།  དྲུང་རྩིས་གཅིག དངུལ་གཉེར་གཅིག་འདེམས་སྒྲུག་གནང་རྒྱུ། གཞན་ཚོགས་ཆུང་གི་འཐུས་མི་རྣམས་ཚོགས་གཙོ་དང་དྲུང་ཆེ་གོ་བསྡུར་གྱིས་ལས་བགོས་བྱ་རྒྱུ།

དོན་ཚན་དགུ་པ། ལས་དོན་ཐག་གཅོད།

ཚོགས་ཆུང་འདིའི་ནང་ལས་དོན་བཀའ་བསྡུར་ཇི་བྱུང་སྤྱི་མོས་སམ། མང་མོས་ཀྱིས་ཐག་གཅོད་གནང་བའི་དོན་འབྲས་ཁག་ལ་ཚོགས་མི་ངོ་ཡོད་ཀྱི་མཚན་རྟགས་འཁོད་པའི་གྲོས་ཆོད་མ་དེབ་ཉར་དགོས།

དོན་ཚན་བཅུ་པ། དཔལ་འབྱོར་འདུ་འགོད།

༡      བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་འབུལ་འབབ་ཀྱི་ཁྲིམས་ཡིག་གཞིར་བཟུང་ལག་བསྟར་དགོས་རྒྱུ།

༢      ཚོགས་ཆུང་གི་ལོ་རེའི་འགྲོ་གྲོན་དངུལ་འབབ་ཇི་དགོས་སྔོན་རྩིས་འཆར་གཞི་སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་སུ་འབུལ་རྒྱུ།

༣     ས་གནས་ཀྱི་འགྲོ་གྲོན་སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འཁྲོལ་མེད་པར་རང་འཚམས་གཏོང་མི་ཆོག

༤     རང་བདེན་ཚོགས་ཆུང་དང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནས་བསྡུ་ལེན་ཟིན་པའི་དངུལ་འབོར་ཐོག་དངུལ་སྐྱེད་ཇི་བྱུང་ཆ་ཚང་དཔལ་འབྱོར་ལས་ཁུངས་སུ་གཏན་འབེབས་དུས་ཚོད་ནང་འབུལ་དགོས།

༥      རྒྱ་བལ་འབྲུག་གསུམ་ཕུད་ས་གནས་རང་བདེན་ཚོགས་ཆུང་མེད་སར་དང་བླངས་དཔྱ་དངུལ་བསྡུ་རྒྱུའི་འགན་འཁུར་བཞེས་མཁན་བོད་རིགས་སྤྱི་མཐུན་ཚོགས་པ་ལྟ་བུའི་སྒྲིག་འཛུགས་གོང་གསལ་ནང་གསེས་ ༢ དང་ ༣ འོག་རྒྱུན་གྲོན་བཀའ་འཁྲོལ་ཞུ་སྩལ་མེད་རིགས་ལ་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་གཞན་ཇི་བྱུང་ནས་བརྒྱ་ཆ་གཉིས་འགྲོ་གྲོན་ཆེད་ཞུ་ཆོག

དོན་ཚན་བཅུ་གཅིག་པ། ཚོགས་ཆུང་གི་ཚོགས་འདུ།

ཚོགས་ཆུང་ལྷན་འཛོམས་གནང་དགོས་མཆིས་ཚེ་སྐབས་བསྟུན་ལས་དོན་གཞི་རྒྱ་དང༌། ཛ་དྲག་ལ་གཞིགས་ཏེ་སྔོན་ཚུད་ནས་ཚོགས་གཙོས་བརྡ་ཁྱབ་ཡིག་ཐོག་གཏོང་དགོས།

དོན་ཚན་བཅུ་གཉིས་པ། ཚོགས་ཆུང་ཕྱིར་བསྡུ།

དགག་དགོས་ལ་གཞིགས་ཏེ་ས་གནས་ཚོགས་ཆུང་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མིའི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་མོས་མཐུན་བྱུང་ཚེ་བཀའ་བློན་ཁྲི་པའི་ཆོག་མཆན་མིང་རྟགས་ཀྱིས་ཕྱིར་བསྡུ་བྱ་རྒྱུ་དང་། གཞན་ཡང་ས་གནས་ཚོགས་ཆུང་རེ་ཟུང་ཕྱིར་བསྡུ་བྱ་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ། དེའི་རྒྱུན་ལས་ཚོགས་མིའི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་མོས་མཐུན་བྱུང་མཚམས་ཕྱིར་བསྡུ་བྱ་འཐུས།

དོན་ཚན་བཅུ་གསུམ་པ། སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་བཀའ་བློན་ཁྲི་པས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

 

(གོང་གསལ་སྒྲིག་གཞི་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པར་བགྲོ་གླེང་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་བསྐྱར་བཅོས་གཏན་ལ་ཕབ་པའི་ཡིག་ཆ་ཨང་  ༡༡༧ འཁོད་པ་ལས་ཕྱོགས་བསྒྲིགས་བགྱིས་པར་ཚད་འཛིན་ཞུས། །)

 

 

འཚོལ་བཤེར།

སྤྱི་ལྷན་དཔེ་དེབ།

གནས་འཕྲིན་འདོན་ཐེངས་དྲུག་པ།

share link




© བོད་མི་མང་སྤྱི་འཐུས་ལྷན་ཚོགས།  Email: chithu@tibet.net